The Foundation of All Qualities

༄༅།། ཡོན་ཏན་གཞིར་གྱུར་མ་བཞུགས་སོ།

རྗེ་ཙོང་ཁ་བ་ཆེན་པོས།

༄༅།། ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ།།

 ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ།།

 ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས།།

གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས།།

ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི།།

ཤིན་ཏུ་རྙེད་དཀའ་དོན་ཆེན་ཤེས་གྱུར་ནས།།

ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པའི་བློ།།

རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས།།

ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན།།

མྱུར་དུ་འཇིག་པས་འཆི་བ་དྲན་པ་དང་།།

ཤི་བའི་རྗེས་སུ་ལུས་དང་གྲིབ་མ་བཞིན།།

དཀའ་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ།།

ངེས་པ་བརྟན་པོ་རྙེད་ནས་ཉེས་པའི་ཚོགས།།

ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་དང་།།

དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ།།

རྟག་ཏུ་བག་དང་ལྡན་པར་བྱིན་གྱིས་རློབས།།

 སྤྱད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ།།

ཡིན་བརྟན་མི་རུང་སྲིད་པའི་ཕུན་ཚོགས་ཀྱི།།

ཉེས་དམིགས་རིག་ནས་ཐར་པའི་བདེ་བ་ལ།།

དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་རློབས།།

 རྣམ་དག་བསམ་པ་དེ་ཡིས་དྲངས་པ་ཡི།།

དྲན་དང་ཤེས་བཞིན་བག་ཡོད་ཆེན་པོ་ཡིས།།

བསྟན་པའི་རྩ་བ་སོ་སོར་ཐར་པ་ལ།།

སྒྲུབ་པ་སྙིང་པོར་བྱེད་པར་བྱིན་གྱིས་རློབས།།

རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ།།

མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར།།

 མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི།།

 བྱང་ཆུབ་སེམས་མཆོག་འབྱོང་བར་བྱིན་གྱིས་རློབས།།

སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ།།

གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར།།

ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ།།

བརྩོན་པ་དྲག་པོས་རློབ་པར་བྱིན་གྱིས་རློབས།།

ལོག་པའི་ཡུལ་ལ་གཡེང་བ་ཞི་བྱེད་ཅིང་།།

ཡང་དག་དོན་ལ་ཚུལ་བཞིན་དཔྱོད་པ་ཡིས།།

ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ།།

མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།།

ཐུན་མོང་ལམ་སྦྱང་སྣོད་དུ་གྱུར་པ་ན།།

ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེ་ཐེག །

སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར།།

བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས།།

དེ་ཚེ་དངོས་གྲུབ་རྣམ་གཉིས་འགྲུབ་པའི་གཞི།།

རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ།།

བཅོས་མ་མིན་པའི་ངེས་པ་རྙེད་གྱུར་ནས།།

སྲོག་དང་བསྡོས་ཏེ་སྲུང་བར་བྱིན་གྱིས་རློབས།།

དེ་ནས་རྒྱུད་སྡེའི་སྙིང་པོ་རིམ་གཉིས་ཀྱི།།

གནད་རྣམས་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས།།

ཐུན་བཞིའི་རྣལ་འབྱོར་སྤྱོད་ལས་མི་གཡེལ་བར།།

དམ་པའི་གསུང་བཞིན་སྒྲུབ་པར་བྱིན་གྱིས་རློབས།།

དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང་།།

ཚུལ་བཞིན་སྒྲུབ་པའི་གྲོགས་རྣམས་ཞབས་བརྟན་ཅིང་།།

 ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས།།

 ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ།།

སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།།

 འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།།

 ས་དང་ལམ་གྱི་ཡོད་ཏན་རབ་རྫོགས་ནས།།

 རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །།།

ཞེས་པ་འདི་ནི་རྗེ་ཙོང་ཁ་པ་བློ་བཟང་གྲགས་པས་མཛད་པའོ།